སྲོལ་གཏོད་པ་པོ་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པ། ཁོང་གི་རྣམ་ཐར་གནད་བསྡུས་ནི། ཡབ་རིག་པ་འཛིན་པ་ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས་དང་། ཡུམ་རྡོ་རྗེ་ཕག་མོའི་སྤྲུལ་པར་གྲགས་པ་བོད་བཙན་པོའི་གདུང་རྒྱུད་ང་ཕོད་སྡེ་པའི་སྲས་མོ་གཡང་ཁུག་མ་གཉིས་ཀྱི་སྲས་སུ་སྐུ་མཆེད་ཀུན་གྱི་ཐ་ཆུང་དུ། བོད་རབ་བྱུང་བཅུ་པའི་ཤིང་ལུག་(སྤྱི་ལོ་1595 -1659)ལོར་སྐུ་འཁྲུངས། བྱིས་པའི་དུས་སུ་གོག་པོ་མི་གོག་པ་དང་། གཟིམ་པའི་ཚེ་སྤྱན་མི་ཟུམ་པ་སོགས་སྐྱུར་རའི་རིགས་ཀྱི་རྟགས་ཐམས་ཅད་ཚང་། ཡབ་ཀྱིས་གཙུག་ཕུད་བཞེས་ཏེ་མཚན་དཀོན་མཆོག་ཕུན་ཚོགས་སུ་བཏགས། སྐུ་ཡི་གཅེན་པོ་རྗེ་ཞྭ་དམར་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་རིག་འཛིན་ཆོས་ཀྱི་གྲགས་པ་འཕྲིན་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་གསོལ། ཡབ་ཀྱི་དྲུང་ནས་བཀའ་ལུང་མན་ངག་དབང་དང་བཅས་པ་མང་དུ་བཞེས། ཡབ་གཤེགས་པའི་རྗེས་སུ། གཅེན་ཞྭ་དམར་བ་དྲུག་པ་དང་། ཞབས་དྲུང་ནཱ་རོ་པ། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། བླ་མ་སངས་རྒྱས་རིན་ཆེན། དྭགས་པོ་སྤྲུལ་སྐུ་ནོར་བུ་རྒྱན་པ། རིག་འཛིན་འཇའ་ཚོན་སྙིང་པོ། བྱ་ཁྱུང་བ་རྒྱལ་དབང་པདྨ་བསྟན་འཛིན་སོགས་ལས་རང་ལུགས་ཀྱི་བཀའ་ཆོས་རྫོགས་པར་གསན། སྒྲ་ཚད་བཟོ་གསོ་སོགས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པའི་པཎྜི་ཏའི་མཚན་གྱི་ཅོད་པཎ་དཔྱངས། ཁྱད་པར་དུ་རྗེ་ཀརྨ་རང་བྱུང་རྡོ་རྗེའི་སློབ་བརྒྱུད་གཅེན་ཞྭ་དམར་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་། ཟུར་ལུགས་ཀྱི་སློབ་བརྒྱུད་ལས་བྱུང་བའི་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོའི་སྐུ་ཚ། ཀོང་པོ་བ་འཚོ་བྱེད་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་གསོ་དཔྱད་གསན་སྦྱོང་དང་ཕྱག་ལེན་ཉམས་མྱོང་གིས་མཁྱེན་རབ་ཡོངས་སུ་རྒྱས། ཁྱད་པར་དུ་ཀོང་སྨན་དཀོན་མཆོག་རྒྱལ་མཚན་ལས་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་དཔལ་ལྡན་རྒྱུད་བཞི་དགོངས་འགྲེལ་མན་ངག་དང༌། ཟུར་ལུགས་ཀྱི་ཁྱད་ཆོས་སོགས་ལ་གསན་བསམ་ཙམ་མ་ཡིན་པར་ལག་ལེན་ཉམས་མྱོང་དང་འབྲེལ་བས་ཕྱག་བཞེས་གནང་སྦྱོང་དཔྱིས་ཕྱིན་པར་མཛད་པས། ཆེས་ཆེར་མཁས་པའི་ཁྱད་རྩལ་མང་པོ་དགོངས་ཀློང་དུ་བརྡོལ་བས་གངས་ཅན་གསོ་རིག་མ་དྲོས་རྒྱ་མཚོ་ལས་ཐོན་པའི་ལུགས་མཆོག ཁ་བབས་རྣམ་བཞིའི་ཡ་གྱལ་དུ་གྱུར་པའི་འབྲི་ལུགས་གསོ་རིག་ཅེས་པའི་ཐུན་མིན་གྱི་གཞུང་བཟང་གངས་ཅན་ལྗོངས་སུ་མངོན་པའི་ཕྲིན་ལས་འདི་གཏོད་པར་མཛད། ལུགས་དེའི་བསྟན་པའི་རྒྱུན་ཡུན་དུ་གནས་པའི་སླད་དུ་ཚད་མར་གྱུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་པ་སྟེ། གཡུ་ཐོག་སྙིང་ཐིག་གི་བཀའ་སྲུང་ཞང་བློན་དྲག་པོ་སྡེ་དགུའི་འཕྲིན་ལས་གནམ་ལྕགས་ཀྱི་འཁོར་ལོ་བསྒྱུར་བ་ཞེས་པ་དང་། དཔལ་ལྡན་རྒྱུད་བཞིའི་དཀའ་བའི་གནད་རྣམས་ལ་མཆན་འགྲེལ་ལ་བཀོད་པ། འབྲི་གུང་བཀའ་མཆན་ཐེམ་སྤང་མ། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་གྲངས་ངེས་ཞལ་ལུང་མཛེས་རྒྱན། རིན་ཆེན་རིལ་ནག་ཆེན་མོའི་ཟིན་བྲིས་བརྟན་གཡོའི་བཅུད་བསྡུས་མཁས་པ་དགའ་བྱེད། འབམ་བཅོས་ཚེ་འཛིན་སྲོག་སྐྱོབ། ཆུ་བཅོས་གསང་བ་སྦུབས་འདྲེན། ཉེར་ལྔ་ཉི་ཤུ་རྩ་ལྔའི་སྦྱོར་བ་རིན་ཆེན་སྲོག་གི་རྒྱབ་རྟེན། མངལ་བཅོས་རྡོ་རྗེ་ཕ་ལམ། རིན་ཆེན་གྲང་སྦྱོར་རིལ་ནག་གི་སྔོན་བྱུང་གླེང་གཞི། གྲང་སྦྱོར་རིལ་ནག་གི་གྲངས་ངེས་བརྟག་པ་མུ་ཏིག་འཕྲེང་བ། རིན་ཆེན་གྲང་སྦྱོར་རིལ་ནག་གི་ཁ་སྐོང་ལྡུམ་བུའི་མན་ངག གྲང་སྦྱོར་རིལ་ནག་གི་ཕན་ཡོན་མོས་ལྡན་དགའ་བའི་དབྱར་རྔ། རིན་ཆེན་རིལ་བུའི་ཆ་ལག་སྦྱར་དུག་གསོ་ཐབས། རིན་ཆེན་གྲང་སྦྱོར་རིལ་བུའི་ཆ་ལག་ཕྲན་བུའི་སྦྱར་དུག་གསོ་ཐབས། རིལ་ནག་ཆུང་འབྲིང་གི་ཟིན་བྲིས་འཆི་བ་གཤོལ་འདེབས། འཐུན་བྱེད་རིལ་ནག་གི་ཟིན་བྲིས་ཡང་བཅུད་བདུད་རྩིའི་བུམ་པ། རིལ་ནག་ཆེ་འབྲིང་ཆུང་ངུའི་སྦས་དོན་གསལ་བྱེད་ནམ་མཁའི་ནོར་བུ། རིན་ཆེན་ཚ་སྦྱོར་གྱི་ཟིན་བྲིས་གཅོང་ནད་བདེ་སྟེརཞེས་བྱ་བ་ཟུར་མཁར་བའི་ཁྱད་ཆོས། ཀོང་བུའི་ཞལ་གདམས་འདག་སྦྱོར་ཟུར་མཁར་བའི་མན་ངག་བཞུགས། རིན་ཆེན་རིལ་བུ་འཐག་ཐབས་ཀྱི་ཞལ་གདམས། སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་དངོས་གྲུབ་ཀྱི་བང་མཛོད་ཅེས་པ་སོགས་ངོ་མཚར་ཁྱད་དུ་འཕགས་ལ་རང་ལུགས་ཀྱི་ཁྱད་ཆོས་དུ་མས་རབ་ཏུ་བརྒྱན་པའི་བསྟན་བཅོས་ཀྱང་མང་དུ་མཛད། དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་སོགས་སྨན་རྫས་སྦྱར་བཟོའི་ཕྱག་ལེན་ཁུངས་དང་ལྡན་པ་ཐེངས་མང་མཛད་དེ་རྗེས་འཇུག་སློབ་མའི་རྒྱུད་ལ་ལག་ལེན་གྱི་རྒྱུན་ལེགས་པར་སྤེལ་ཏེ། དུས་ད་ལྟའི་བར་དུའང་འབྲི་གུང་པའི་རིན་ཆེན་རིལ་ནག་ཆེན་མོ་ཞེས་པ་སོགས་སྐྱེ་འགྲོ་སྤྱི་ཡི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་འདི་ལྟར་ལགས། དམ་པ་འདིས་འབྲི་གུང་རྩེ་ཞོལ་ཁུལ་དུ་སྨན་གྱི་སློབ་གྲྭ་འཛུགས་གཉེར་མཛད་དེ་སྨན་རྩིས་གཉིས་ལྡན་གྱི་སློབ་མའི་གཙོ་བོ་འབྲི་གུང་གདན་རབས་ཉེར་བཞི་པ་དཀོན་མཆོག་འཕྲིན་ལས་བཟང་པོ་དང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བསྟན་པ། པཎ་ཆེན་དཀོན་མཆོག་ལྷུན་གྲུབ། ལྷོ་འཕྲིན་ལས་རྣམ་རྒྱལ་སོགས་རྗེས་འཇུག་མཁས་པ་མང་པོ་གསོ་སྐྱོང་མཛད་ནས་འབྲི་ལུགས་ཞེས་ཟུར་ལུགས་ཀྱི་ཁོངས་སུ་གཏོགས་པའི་སྨན་པའི་བརྒྱུད་པ་བཟང་པོ་དེའི་སྲོལ་མི་ཉམས་གོང་དུ་འཕེལ་བའི་མཛད་པ་བསྐྱངས། རྗེ་འདིས་སྔ་ཕྱིར་ཁ་རག་དང་། འཕན་ཡུལ། བྱང་གནམ་མཚོ། ཧོར་དང་བར་ཁམས་རྫོང་། དར་རྩེ་མདོ། ལི་ཐང་། བསམ་ཡས། སྤོ་བོ་སོགས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཞབས་ཀྱི་བཅགས། ཡུལ་དེ་དག་ཀུན་དུ་གདུལ་བྱ་མཆོག་དམན་བར་མ་སོ་སོའི་འགྲོ་བའི་མོས་བློ་དང་འཚམས་པའི་དམ་ཆོས་བདུད་རྩིའི་ཆར་ཆེན་གྱི་བཀའ་དྲིན་བསྩལ་ནས་ཐར་པའི་ལམ་ལ་བཀོད་པ་སོགས་འཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བའི་ཚུལ་དང་། ཟབ་མོ་ཏིང་ངེ་འཛིན་གྱི་ཐུགས་རྒྱུད་ཡོངས་སུ་གཏམས་པས་ས་ལམ་མཐོན་པོར་གྱུར་པའི་ཡོན་ཏན་གྱི་ཕུང་པོ་གཞལ་དུ་མེད་པ་མངའ་བ་དེ་དག་རེ་རེ་ནས་བརྗོད་ཀྱི་ག་ལ་ལང་སྟེ་སུས་ཀྱང་བརྗོད་པར་མི་ནུས་སོ། ། མཐར་དགུང་ལོ་རེ་ལྔ་པ་ས་མོ་ཕག་སྟེ་སྤྱི་ལོ་1659 ལོའི་རྒྱལ་ཟླའི་ཚེས་བ་བརྒྱད་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ། །
སློབ་མ་དཀོན་མཆོག་འགྲོ་ཕན་དབང་པོའམ་འབྲི་གུང་ཚེ་དབང་བརྟན་པ་ནི། ཡུལ་དབུས་དབུ་རུ་མཚམས་གཞུ་སྟོད་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་སྟེ་སྤྱི་ལོ་1631 ལོར་སྐུ་འཁྲུངས། འབྲི་གུང་ཆོས་གྲགས་ཀྱི་ཞབས་ལ་གཏུགས་ནས་རིག་པའི་གནས་སྤྱི་དང་བྱེ་བྲག་དཔལ་ལྡན་གསོ་བ་རིག་པའི་གཞུང་གདམས་མན་ངག་ཀུན་ལ་གསན་སྦྱོང་དཔྱིས་ཕྱིན་པར་མཛད་པས་གང་དེའི་གསོ་རིག་གི་ཐུགས་སྲས་གཙོ་བོར་གྱུར། མཁས་པའི་མཆོག་ཏུ་གྱུར་ནས་འབྲི་གུང་ཆོས་གྲགས་ཀྱིས་བཙུགས་པའི་རྩེ་བར་སྨན་སློབ་གྱི་སློབ་དཔོན་མཛད། གསོ་རིག་གི་འཕྲིན་ལས་བསྐྱངས་པའི་སློབ་མ་ཡང་དཔོན་ཚང་ཡེ་ཤེས་ཞེས་པ་སོགས་མང་དུ་བྱུང་། གསོ་རིག་གི་བསྟན་བཅོས་ཀྱང་གསོ་བ་རིག་པའི་མན་ངག་ཀུན་གྱི་གཅེས་བསྡུས་ཕན་བདེའི་སྙིང་པོ་དང་། གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་དོགས་སེལ་གྱི་ཟིན་བྲིས། གཉན་རིམས་མཁྲིས་པ་རྩར་རྒྱུག་ལ་སོགས་པའི་གཉན་ནད་བཅོས་ཚུལ་བསྡུས་པ་ཞལ་ལུང་བདུད་རྩི་ཆུ་རྒྱུན། རླུང་ནད་ཅེ་སྤྱང་མགོ་ཡི་བཅོས་ཟབ་མོ། མུ་ཆུ་བཅོས་ཐབས་གསང་བ་སྦུབས་འདྲེན། གསོ་བ་གདམས་པ་ཀུན་གྱི་ཡང་སྙིང་གཅེས་བསྡུས་ལས་མགོ་གསང་མིག་གསང་གི་ཟིན་བྲིས། གཅེས་བསྡུས་མན་ངག་ཟུར་རྒྱན་མགོ་རྨའི་ཟླུམ་བཅོས་ཟབ་མོ་སྡུག་བསྔལ་སེལ་བྱེད། གཅེས་བསྡུས་ཟུར་རྒྱན་རྒྱུ་རྒན་གྱི་བཅོས་འཕྲུལ་གྱི་ཐེམ་འཚང་ཞེས་བྱ་བའི་ལག་ལེན་ཉམས་མྱོང་གི་གནད་ཟབ་མོ་བསྟན་པ། འབམ་བཅོས་ཚེ་འཛིན་སྲོག་སྐྱོབས་ཀྱི་ལྷན་ཐབས་གསོ་ཚུལ་གསུམ་ལྡན་ཞེས་བྱ་བ་ཉམས་མྱོང་གི་གནད་བསྡུས། ཕན་
བདེའི་སྙིང་པོའི་ཡན་ལག་འབམ་བཅོས་གཅེས་པའི་གནད་བསྡུས་ཚེ་བུམ། འབམ་བཅོས་སྙིང་པོ་བསྡུས་པ། འབམ་བཅོས་ཟབ་པའི་གདམས་པ་གབ་པ་མངོན་ཕྱུང་མན་ངག་ཆིག་རྒྱུད་སྐོར། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཟིན་བྲིས་སྦས་དོན་ཀུན་གསལ་ཞེས་པ་སོགས་འབྲི་ལུགས་ཀྱི་གདམས་པའི་གནད་ཀུན་གསལ་བའི་བསྟན་བཅོས་ཚད་ལྡན་མང་དུ་མཛད་པ་སོགས་འབྲི་ལུགས་གསོ་དཔྱད་ཀྱི་བསྟན་རྒྱུན་ལེགས་པར་བསྐྱངས་སོ།།
ཁོང་གི་སློབ་མ་དཔོན་ཚང་ཡེ་ཤེས།
དཔོན་ཚང་ཡེ་ཤེས་ནི། འབྲི་གུང་ཚལ་ཀ་ཞེས་པའི་ས་ཆར་སྐུ་འཁྲུངས། མཚན་གཞན་འབྲོམ་རིགས་རྣལ་འབྱོར་ཡེ་ཤེས། འབྲོམ་རིགས་སྔགས་བན་ཛྙཱ་ན་བསམ་གཏན། འབྲོམ་རིགས་སྨན་པ་ཛྙཱ་ན། སློབ་དཔོན་ཡེ་ཤེས་བསམ་གཏན་སོགས་ཞུ་བ་ཡིན། ཁོང་ནི་འབྲི་གུང་ཚེ་དབང་བསྟན་པའི་སློབ་མའི་ཐུ་བོ་དེ་ཡིན། དགུང་ལོ་ཆུང་ངུའི་དུས་ནས་སྨན་དཔྱད་ཀྱི་རིག་པར་ལྷན་སྐྱེས་ཀྱི་ཤེས་རབ་མཆོག་ཏུ་མངའ་ཞིང་། དགུང་ལོ་ཉི་ཤུ་སྐོར་ནས་དཔལ་ལྡན་རྒྱུད་བཞི་ཐུགས་ལ་ཆུད་པར་མ་ཟད། སྨན་དཔྱད་ལ་དོན་གྱིས་བརྟག་ཅིང་ལག་ལེན་དུ་འཁེལ་བ་སོགས་ཀྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་སྨན་པ་འཚོ་བྱེད་ཅེས་པའི་མཚན་ཡང་འདོགས་པར་མཛད། སློབ་དཔོན་ཚེ་དབང་བརྟན་པའི་དྲུང་ནས་གསོ་རིག་གི་གཞུང་ལུགས་མ་ལུས་པར་སྦྱངས་པ་མཐར་ཕྱིན་པར་མཛད་པས་ཐུགས་སྲས་དམ་པར་འགྱུར། ཁོང་གིས་འབྲི་གུང་ཆོས་གྲགས་སོགས་ལས་བརྒྱུད་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རིན་ཆེན་རིལ་བུའི་སྦྱོར་བཟོའི་མན་ངག་དམར་ཁྲིད་ཀྱི་གདམས་པ་སོགས་འབྲི་ལུགས་ཀྱི་ཕྱག་བཞེས་རྨ་མེད་པ་རྣམས་ཟམ་མ་ཆད་པར་རྒྱུན་བསྐྱངས་ཤིང་། སྔར་ལས་ལྷག་པའི་འཕེལ་རྒྱས་ཡོང་རྒྱུར་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད། ཁོང་ལ་མཁས་ཤིང་གྲུབ་པའི་སློབ་མ་གྲངས་མེད་བྱུང་བ་ལས།
གསོ་རིག་གི་སློབ་མའི་གཙོ་བོ། ཀརྨ་བསྟན་འཕེལ། ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས། བྱར་པོ་གསལ་བ་སོགས་ཡིན། གསོ་རིག་གི་སྐོར་ལ་བསྟན་བཅོས་ཀྱང་། གསོ་བ་རིག་པའི་གདམས་པ་ཀུན་གྱི་ཡང་སྙིང་གཅེས་བསྡུས་ཕན་བདེའི་ཆར་རྒྱུན་ཞེས་པ་དང་།གཅེས་བསྡུས་ཕན་བདེའི་སྙིང་པོའི་ཡང་ཟབ་རྣམས་སྦས་ཚུལ་གྱིས་ཟུར་དུ་བཀོད་པ་ཟུག་རྔུ་གཞོམ་པའི་མན་ངག་ཅེས་པ། ཞལ་ཤེས་སྙིང་གི་ཁུ་བ་བདུད་རྩིའི་ཐིགས་པའམ་གཅེས་བསྡུས་ཕན་བདེའི་སྙིང་པོའི་གབ་པ་མངོན་དུ་ཕྱུང་བའི་ལྡེ་མིག་ཅེས་པ། ཕན་བདེའི་སྙིང་པོའི་ཡན་ལག་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གསང་མཛོད་སྦས་པའི་ལྡེ་མིག་ཅེས་པ་སོགས་མང་དུ་མཛད་པ་དང་མཉམ་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུའི་ཕྱག་ལེན་དམར་ཁྲིད་ཀྱི་རྒྱུན་
སོགས་ཞལ་སློབ་རྣམས་ལ་རྒྱུན་ལེགས་པར་སྤེལ་ཡོད། གོང་གསལ་དེ་དག་ཀུན་ཀྱང་ཟུར་མཁར་བའི་རིང་ལུགས་འཛིན་པ་ཤས་ཅིག་ཡིན་པས་དེ་དང་དེ་ལ་སོགས་མདོར་ན་མཁས་མཆོག་རིམ་བྱོན་རྣམས་ཀྱིས་གཞུང་བཤད་དང༌། ལག་ལེན་ཕུན་སུམ་ཚོགས་པའི་སྨན་གཞུང་ཇི་སྙེད་ཅིག་བརྩམས་པ་དང་། རྗེས་འཛིན་མཁས་པ་མང་པོ་གསོ་སྐྱོང་མཛད་པ། ནད་པ་རྒྱ་ཆེན་པོར་སྨན་བཅོས་ཀྱི་སྒོ་ནས་འགྲོ་ཕན་བླ་ན་མེད་པའི་མཛད་རྗེས་མངོན་པར་འཕགས་ཤིང་ཇི་སྲིད་བར་དུ་ཟུར་ལུགས་ཀྱི་སྲོལ་རྒྱུན་མི་ཉམས་དར་ཞིང་རྒྱས་པར་མཛད། འབྲི་གུང་རིག་འཛིན་ཆོས་གྲགས་ནས་ཚེ་དབང་བརྟན་པ། དེ་ནས་དཔོན་ཚང་ཡེ་ཤེས་ཁོང་གི་བར་མི་རབས་གསུམ་གྱི་རིང་གསོ་རིག་གི་ལག་ལེན་དམར་ཁྲིད་གདམ་ངག་རྣམས་ཆིག་བརྒྱུད་ཁོ་ན་ཡིན་མོད། འོན་ཀྱང་ཁོང་ནས་འབྲི་ལུགས་གསོ་རིག་སྨན་གྱི་གདམ་ངག་བཀའ་རྒྱ་ཡོངས་སུ་བཀྲོལ་ནས་བོད་ཡུལ་སྟོད་སྨད་ཀུན་ལ་སྣོད་ལྡན་སློབ་མ་ཡོད་དོ་ཅོག་ལ་བཀྱེས་ཡོད།

